༄༅། ། རྟེན་ལ་གཟུངས་འཇུག་ ༄༅། །སྐལ་བཟང་རྣམ་འདྲེན་གཞན་ལས་སྨོན་ལམ་དང། །ཐུགས་རྗེ་བརྩོན་སྟོབས་ཕུལ་དུ་བྱུང་བ་ཡིས། །མི་མཇེད་ཞིང་གི་འགྲོ་ རྣམས་ཕན་བདེ་ལ། །འགྲོད་མཛད་ཤཱཀྱའི་ཏོག་ལ་གུས་ཕྱག་འཚལ། །བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །ཆེར་སྙིགས་ལྔ་བརྒྱའི་འགྲོ་ལ་བརྩེར་དགོངས་ཏེ། །གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་ བསྟན་པ། །པཎ་ཆེན་ཆོས་ཀྱི་རྒྱལ་པོར་གུས་ཕྱག་འཚལ། །གྲུ་འཛིན་བདག་པོས་ཤཱཀྱའི་རྒྱལ་པོ་ཡི། །བསྟན་འགྲོའི་དོན་གྱི་རླབས་ཆེན་མཛད་པའི་ཁུར། །ལྷག་བསམ་ཁྱོགས་ལ་བླངས་ཏེ་འདེགས་ པའི་སླད། །གངས་ཅན་མགོན་པོར་སྤྲུལ་ལ་གུས་ཕྱག་འཚལ། །དེ་ལ་འདིར་ལྷ་དང་བཅས་པའི་སྐྱེ་དགུ་ཐམས་ཅད་ཀྱིས་ཕྱག་མཆོད་སོགས་ཀྱི་བསོད་ནམས་སོགས་པའི་ཞིང་དམ་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་ [089B] །དེ་ལ་གཉིས། ཡོ་བྱང་སྟ་གོན་བྱ་བ་དང། འབུལ་ཚུལ་དངོས་སོ། །དང་པོ་ ལ་གསུམ། སྲོག་ཤིང་དང། གཟུངས་སྔགས་དང། དེ་ལས་གཞན་པའི་ཡོ་བྱད་དོ། །དང་པོ་ནི། སྐུ་གཟུགས་ལ་སྲོག་ཤིང་ངེས་ཅན་དུ་མི་དགོས་ཀྱང་སྐུ་ཚད་ཆེ་བའི་རིགས་ལ་སྲོག་ ཤིང་ཕུལ་བ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བས་ཕུལ་བ་ལེགས་ལ། མཆོད་རྟེན་ལ་ནི་ཆེ་ཆུང་གང་ཡིན་ཀྱང་འབུལ་ཐུབ་ཕྱིན་འབུལ་དགོས་སོ། །དེ་ལྟར་ན་སྲོག་ཤིང་གི་རྒྱུ་ནི་རབ་ཙནྡན་ དཀར་དམར། དེ་མ་འབྱོར་ན་དུག་རིགས་དང་ཆུ་ཤིང་དང་སྙུག་མ་དང་ཁོང་རུལ་དང་གས་ཆག་ཅན་དང་འབུས་ཟོས་པ་སོགས་ཤིང་ངན་པ་མ་ཡིན་པའི་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་དང་ཤིང་མྱ་ངན་མེད་ པ་ལྟ་བུ་ཤིང་བཟང་པོ་སྐྱོན་མེད། དེ་ཡང་གསར་དུ་གཅོད་དགོས་ཚེ་མ་བཅད་པའི་སྔ་རོལ་དུ་མི་གཞན་གྱི་བདག་པོ་ཡོད་ན་དེ་ལ་རིན་བཅལ་ཏེ་གནང་བ་ཞུ་བ་དང། ཤིང་གི་བདག་པོ་མི་མ་ཡིན་ལྟ་བུ་མི་མངོན་པ་ལ་ མཆོད་གཏོར་སོགས་ཕུལ་ཏེ་གནང་བ་ཞུ་ཞིང་མི་བཀག་པའི་མཚན་མ་བྱུང་བ་ན་གཟའ་སྐར་ཚེས་གྲངས་ཤིས་པའི་ཉིན་ཤར་གྱི་ཕྱོགས་མི་ནོར་བའི་མཚན་མ་བཏབ་སྟེ་བཅད། དབྱིབས་ནི་སྐུ་གཟུགས་ལ་གྲུ་བཞི་པ་རྩ་ རྩེའི་རྣམ་པའི་ཕྲ་སྦོམ་ཡོད་པ་དང། མཆོད་རྟེན་ལ་བྲེའི་སྟེང་གི་གདུགས་འདེབས་ཡན་ཆད་ཟླུམ་པོ་དེ་མན་ཆད་གྲུ་བཞི། ཚད་ནི་རིང་ཐུང་སྐུ་གཟུགས་ལ་གསང་གནས་ནས་གཙུག་ཏོར་རམ་དབུའི་ནང་གི་ པར་དང། མཆོད་རྟེན་ལ་རྨང་དགེ་ནས་ཏོག་གམ་ཐུགས་རྗེ་མདོ་གཟུང་གི་བར། ཕྲ་སྦོམ་རྟེན་ཆེ་ཆུང་ལ་དཔགས་ཏེ་རིགས་པས་དཔྱད། རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་བརྐོ་པའམ་མ་གྲུབ་ [090A]༄༅། །ན་འབྲི་བར་གཞུང་ལས་བཤད་ཅིང་ཕྱག་ལེན་ལ་ཞབས་ཀྱི་མཐིལ་དུ་ལྟེ་བ་དང་ཕྱོགས་བཞིར་པད་འདབ་རྭ་དང་བཅས་པའི་རྡོ་རྗེའི་མགོ་སྟེ་སྣ་ཚོགས་རྡོ་རྗེས་སྲོག་ཤིང་གི་ཞབས་གཏུམ་པ་ ལྟ་བུ་མཛད་པ་མཐོང་ཞིང་དོགས་གཅོད་ཞུས་པར་ཕྱག་ལེན་དེ་གཉིས་ཀ་མཛད་གིན་ཡོད་པར་གསུང་བས་དེ་གཉིས་ཀ་གང་བྱས་ཀྱང་རུང། མདོག་ནི་ཙན་དན་དམར་པོ་ལྟ་བུ་ཡིན་ན་ཚོན་བྱུག་མི་དགོས་ ཤིང་གཞན་ཡིན་ན་མཚལ་ལྟ་བུས་དམར་པོར་བསྒྱུར་ཏེ་ཡི་གེ་གསེར་ལྟ་བུས་བྲིས་ན་ཤིན་ཏུ་ལེགས། དེ་ལྟ་བུ་མ་འབྱོར་ན་ཡི་གེ་གང་གིས་འབྲི་བའི་མདོག་དང་མི་ཟློས་པའི་ཚོན་གྱིས་བྱུག་དེ་ལ་སྐུ་ གཟུགས་ཀྱི་སྲོག་ཤིང་གི་སྤྱི་བོ། །མགྲིན་པ། སྙིང་ཀ་ལྟེ་བ། གསང་གནས་ཏེ་གནས་ལྔའི་ཐད་དུ་རིམ་པ་བཞིན། ཨོཾ་ཨཱ་ཧཱུཾ་ཏྲཾ་ཧྲིཿ་ཞེས་པ་དགོད་ཅིང། མཆོད་རྟེན་ལ་ བྲེ༑ བྲེ་སྟན། བུམ་སྟོང། བུམ་རྐེད། བུམ་སྨད་རྣམས་ཀྱི་ཐད་དུ་ཡི་གེ་ལྔ་དགོད། སྐུའི་དབུའི་དབྱིངས་དང་མཆོད་རྟེན་གྱི་བྲེའི་ཐད་ལ། ཨོཾ་སརྦ་བིདྱཱ་སཱཧཱ། ཞེས་དང་ མགྲིན་པ་དང་བྲེ་རྟེན་གྱི་ཐད་ལ་དབྱངས་གསལ། ཐུགས་ཀའི་སྟོང་དང་བུམ་སྟོང་ཀྱི་ཐད་ལ། ཨོཾ་བཛྲ་ཨ་ཡུ་ཥེ་སཱཧཱ། ཞེས་དང། ཐུགས་ཀའི་ཐད་དུ་ལྷ་རང་རང་གི་སྙིང་པོ་དང་གཟུངས་རིང་ དང་མཚན་བརྒྱ་རྩ་ལྟ་བུ་ལྷ་རང་གི་སྔགས། ལྟེ་འོག་དང་བུམ་སྨད་ལ་ཤར་ངོས་ལ་གཙུག་ཏོར་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་ དེ་བཞི་ཀའི་གཤམ་དུ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང། ཞེས་སོགས་དང། སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་རྣམས་ཤོང་ན་ཐམས་ཅད་འབྲི་ཞིང་མི་ཤོང་ན་རྣམ་རྒྱལ་སོགས་ཀྱི་གཟུངས་ [090B] རྩ་བའི་ཕྱོགས་སུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སཱཧཱ། འདི་གཞུང་དུ་ཐུགས་ཀར་འབྲི་བར་བཤད་ཀྱང་ཕྱག་ལེན་ལ་འདིར་འབྲི། སྲོག་ཤིང་གི་ཕྱོགས་ བཞིར་འབྲི་དགོས་ཀྱི་སྔགས་རྣམས་རང་རང་གི་ཐད་དུ་གང་ཤོང་གང་བར་འབྲི་ཞིང་ཆད་ལྷག་ནོར་བའི་སྐྱོན་དང་བྲལ་བ་ལེགས་པར་འབྲི། གཉིས་པ་གཟུངས་ནི། སྦྱིར་རིང་བསྲེལ་ལ་སྐུ་བལ། སྐུ་གདུང་ ཡུངས་འབྲུ་ལྟ་བུ། ཆོས་སྐུའི་རིང་བསྲེལ་ཏེ་བཞི་གསུང་བའི་ཕྱི་མ་ནི་རྟེན་གྱི་ནང་གཞུགས་འབུལ་རྒྱུའི་གཙོ་བོ་ཡིན་ལ་དེ་ནི་མདོ་རྒྱུད་ཀྱི་གཟུངས་སྔགས་ཟབ་མོ་རྣམས་ལ་ཟེར་བ་ཡིན་པས། རྒྱ་ཆེན་ སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་རླབས་རྒྱུད། བྱིན་རླབས་ཉེ་རྒྱུད། གསང་བདེ་འཇིགས་གསུམ་གྱི་དབང་རྒྱུད། བཤད་རྒྱུད། མན་ངག་གི་རྒྱུད་པ་ལ་སོགས་ པ་མདོ་སྔགས་ཀྱི་བླ་མ་བརྒྱུད་པའི་མཚན་སྔགས། སངས་རྒྱས་བྱང་སེམས་ཀྱི་མཚན་སྔགས། གནས་བརྟན་བཅུ་དྲུག་སོགས་ཉན་རང་གི་མཚན་སྔགས། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་ སྔགས༑ གཙུག་ཏོར་གདུགས་དཀར་དང་གཙུག་ཏོར་འཁོར་བསྒྱུར་གྱི་སྔགས་སོགས་དབུ་གཟུངས། དབྱངས་གསལ་གཉིས་མགྲིན་གཟུངས། གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་ སྔགས་སྟོང་གཟུངས། རྡོར་དབྱིངས་ཀུན་རིག་གཙུག་དགུ་སོགས་རྣལ་འབྱོར་རྒྱུད། རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད། དམ་ཚིག་གསུམ་བཀོད་སྨན་བླ་ཚེ་དཔག་མེད་མི་འཁྲུག་བ་སོགས་བྱ་ རྒྱུད་ཀྱི་སྔགས་རྐེང་གཟུངས། གཟུགས་ཆེན་སྡེ་ལྔ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་གཟུངས། གཞན་ཡང་སྟོང་ཕྲག་བརྒྱ་པ་བཟུང་བར་འགྱུར་བའི་གཟུངས་སོགས་མདོ་ལས་འབྱུང་བའི་སྔགས་ [091A]༄༅། །ཀྱི་རིགས་སྨད་གཟུངས། བཀྲ་ཤིས་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་སྔགས་པད་གཟུངས་ཏི། གཟུངས་སྔགས་དེ་རྣམས་སྐབས་ཐོབ་ཀྱི་སྦེལ་ཚིག་དང་བཅས་པ་འབྱོར་ན་གསེར་ དངུལ་གྱི་གླེགས་བུལ་འབུར་མའམ་གཟུངས་བརྐོས་བྱས་པ། དེ་མ་བྱུང་ན་མཐིང་ཤོག་བཟང་པོ་ལ་གསེར་དངུལ་གྱིས་འབྲི་བ། དེ་མ་བྱུང་ན་དཔེ་ཤོག་བཟང་པོ་ལ་མཚལ་དང་སྣག་ཚས་འབྲི་བ་དང་ སྤར་ལ་འདེབས་པ་ལྟ་བུ་གང་འབྱོར་བྱ། རྒྱུ་རྐྱེན་འཛོམ་ཞིང་ལོང་བྱུང་ནས་ལྕོགས་ན་སྔ་མ་རྣམས་ལེགས་མོད་ཀྱི་དེ་འདྲ་བ་མིན་པའི་ལྷག་ཆད་ནོར་པའི་སྐྱོན་དང་བཅས་པའི་འབྲི་བ་ལས་སྤར་བཏབ་ན་ལེགས་ དེ་ཡང་དཔེར་ན་རྣམ་རྒྱལ་གཟུངས་ཤོག་ལྔེ་བ་ལྔ་དྲུག་ཙམ་གྱི་ཡིག་འཕྲེང་དང་པོར་དཀྱུས་གཅིག་ལ་ཤོང་བ་ལྟ་བུ་གཞན་ལའང་རིགས་འདྲ་བ་དགོས། དེ་ལྟར་བྲིས་པའམ་སྤར་བཏབ་པ་གང་ཡིན་ཀྱང་དེ་ལ་ཁ་ཆེ་ གུར་གུམ་ཙན་དན་དཀར་དམར་ཨ་ག་རུ་ཛ་ཏིག་བུར་སོགས་དྲི་བཟང་རྣམས་ཆུང་དང་སྦྱར་བ་ལེགས་པར་བྱུག་སྒྲ་དང་མཆོད་རྟེན་ཆུང་དུ་ལ་གཟུངས་ཀྱི་ཡིག་འཕྲེང་སོ་སོར་མ་གྲས་པར་མི་ཤོང་ན་གྲ་ཞིང་ཤོང་ན་ མ་གྲས་པར་མཐུད་དགོས་རྣམས་མཐུད། མཐུད་ལུགས་ཤོག་དབུ་དང་པོའི་མཇུག་གི་ཤོག་ལྷ་མཇུག་གི་ཡི་གེའི་ཚིགས་ཀྱི་འཚམས་ནས་གྲས་ཏེ་ཤོག་བུ་གཉིས་པའི་གྲངས་ཡིག་མནན་ཏེ། གཟུངས་ཀྱི་ཡི་གེ་ མ་ནོན་ཙམ་བྱས་ལ་བག་ཆུས་སྦྱར་ཏེ་མཐུད། མཐའ་ཐིག་ཡོད་པའི་སྦར་ཡིན་ན་སྟོང་གཟུངས་དཀྱུས་གཅིག་ལ་སྤར་ཤོག་ཅི་ཙམ་ཡོད་པའི་དབུ་ཤོག་གི་དབུ་ཁྱུད་ངོས་ཀྱི་མཐའ་ཐིག་མ་གཏོགས་གོང་མ་གོང་མའི་ གཤམ་གྱི་མཐའ་ཐིག་གྲ་ཞིང་འོག་མ་འོག་མའི་གོང་གི་མཐའ་ཐིག་ནོན་པར་བྱས་ཏེ་བར་གྱི་མཐའ་ཐིག་ཐམས་ཅད་མི་མངོན་པར་བྱ། ཤོག་བུ་རེའི་སྟེང་འོག་ན་ཤོག་ལྷག་གང་ཡོད་ཐམས་ཅད་ལེགས་པར་གྲ་ [091B] ཤོག་སྣེ་བག་ཆུས་སྦྱར་ཏེ་མི་འཇིགས་པར་བྱས་ལ་ཡིག་མགོ་མི་ནོར་བའི་མཚན་མ་དང་དབུ་གཟུངས་སོགས་སྡེ་ཚན་གང་ཡིན་གྱི་ཀ་ཐོ་འམ་ཁ་བྱང་བཏགས་ཏེ་མི་ནོར་བར་བྱ། དེ་ནས་ན་བཟའ་གོས་དར་སེར་ པོས་དྲིལ། དེ་སྟེང་དར་སྐུད་སེར་པོས་དཀྲིས་ཏེ་མི་འཇིགས་པར་བྱ་ཞིང། དེ་ལ་ཡང་ཡིག་མགོ་དང་སྡེ་ཚན་མི་ནོར་བའི་མཚན་མ་ཀ་ཐོ་དང་ཁ་བྱང་གི་ཡི་གེ་སོགས་ཀྱིས་མི་ནོར་བར་བྱ། གསུམ་ བདེ་ལས་གཞན་པའི་ཡོ་བྱད་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་སོགས་སྐུ་གདུང་གི་རིང་བསྲེལ། སངས་རྒྱས་ བྱང་སེམས་ཀྱི་དབུ་སྐྲ་སེན་མོ་ན་བཟའ་སོགས་སྐུ་བལ་གྱི་རིང་བསིལ་ཏེ་མདོན་ན་སྟོན་པ་སངས་རྒྱས་ནས་བཟུང་རྒྱ་བོད་ཀྱི་པཎ་གྲུབ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་བྱིན་རླབས་རྟེན་གང་འཛོམ། དེ་ཡང་ རང་ཕྱོགས་ཀྱི་ལྟ་གྲུབ་དང་སེལ་ཞུགས་པའི་བླ་མའི་སྐུ་གདུང་སོགས་དང། དེ་མིན་ཀྱང་ངན་བཟའ་སྐྱི་ཆགས་པའི་རིགས་དང་ཞབས་ཆགས་དང་བཞུགས་གདན། འབུ་འཇུག་ཉེན་ཆེ་བའི་སྣམ་བུའི་རིགས་ གཏོས་ཆེ་བ་རྣམས་མི་འཇུག་བླ་མ་འགངས་ཆེན་གྱི་ན་བཟའ་དར་རས་ཀྱི་སྣམ་སྦྱར་ལྟ་བུ་ཚང་མ་འཇུག་ཚེ་གཟུངས་ཀྱི་ཕྱི་རོལ་ནས་ན་བཟའི་ཚུལ་དུ་དཀྲིས་ནས་འཇུག་ཅིང། དེ་འདྲ་མིན་པའི་དུམ་ བུའམ་ཚལ་བུ་རྣམས་རིན་པོ་ཆེ་དང་སྨན་དང། དྲི་བཟང་གི་ཕྱེ་མ་དང་ལྷན་དུ་ན་བཟའ་སེར་པོས་དྲིལ། བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་སྐུ་བརྙན་རབ་གནས་ཅན་ན་བཟའ་སེར་པོ་གསོལ་བ། གཞན་ [092A]༄༅། །ཡང་རིན་པོ་ཆེའི་འཕྲེང་བ། གཟུངས་ཀྱི་བར་སྟོང་དུ་འཇུག་རྒྱུའི་རིན་པོ་ཆེའི་ཕྱེ་མ། བཟང་སྨན་གྱི་ཕྱེ་མ་དྲི་བཟང་གི་ཕྱེ་མ་རྣམས་དར་རས་ཀྱི་ཁུག་མར་བླུག་པ་དང་ཐུམ་ བུར་བྱས་བ་གང་མང། སྲུབ་རྣམས་སུ་འདེབས་རྒྱུའི་རིན་པོ་ཆེའི་ཕྱེ་མ། འཚམས་དར་གྱི་རྒྱུའི་གོས་དར་སེར་པོ། །གང་ཟག་དམན་པའི་རུས་པ་རྟེན་གྱི་ནང་དུ་བཅུག་ནས་གཞན་གྱི་ཕྱག་མཆོད་ སོགས་བྱས་ན་གང་ཟག་དེ་ཉིད་ལ་གནོད་པར་གསུངས་པས་འཇུག་མི་རུང་ཞིང། འོན་ཀྱང་རུས་ཆོག་ལེགས་པར་བྱས་ཏེ་བརྡུངས་པའི་ཕྱེ་མ་སྣག་ཚ་དང་བསྲེས་ཏེ་གཟུངས་སྔགས་སོགས་འབྲི་བ་དང་ ས་དང་བསྲེས་ཏེ་ས་ཚྪ་དང་ལྷ་སྐུའི་སྤར་འདེབས་པ་སོགས་བྱས་ན་གང་ཟག་དེ་ལ་ཕན་པར་གསུངས་པས། དེ་ལྟར་བྲིས་པའམ་སྤར་དུ་བཏབ་པ་སོགས་བྱས་པའི་གཟུངས་སྔགས་དང་ས་ཚྪ་སོགས་ རབ་གནས་བྱས་ཏེ་འཇུག་ཏུ་རུང། གནོད་སྦྱིན་འཁོར་ལོ་གཉིས་ནི། གཞི་གསེར་དངུལ་ལམ་ཟངས་ཀྱི་བྱང་ལེབ་ལ་གཟུངས་བརྐོས་སམ་མཐིང་ཤོག་ལ་གསེར་དངུལ་ལམ། རས་གྮིའམ་ཤོག་ བུ་ལ་རིན་པོ་ཆེ་དང་སྨན་དང་དྲི་བཟང་གི་ཕྱེ་མ་བསྲེས་པའི་མཚལ་སྣག་གིས་འབྲི་བའམ་སྤར་བཏབ་པའང་རུང་སྟེ་བྲི་གཞི་གཅིག་ལ་པད་མ་དམ་འདབ་བརྒྱད་ཀྱི་ལྟེ་བར་ནོར་རྒྱུན་མ། འདབ་མ་བརྒྱད་ལ་འཁོར་ བརྒྱད་དབུ་ཕྱིར་བསྟན། དགུ་ཀ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ན་བེཛ་བུར་དང། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་ སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་ཞབས་འོག་ན་པདྨའི་གདུང་གི་གཏེར་མནན་པ། སྒྱུ་མའི་ང་རྒྱལ་གྱིས་འགྱིད་པ། གཙོ་མོའི་ཐུགས་ཁར། ཨོཾ་བྷ་སུ་དྷ་རེ་ནི་སཱ་ཧཱ། ཤར་གྱི་ཟླ་འོད་མའི་ཐུགས་ [092B] ཨོཾ་ཙནྟྲ་ཀནྡྱཻ་སཱ་ཧཱ། ལྷོར་ནོར་སྦྱིན་མའི་ཐུགས་ཁར། ཨོཾ་ཏན་ཏཱ་ཡཻ་སཱ་ཧཱ། ནུབ་ཏུ་རབ་སྦྱིན་མའི་ཐུགས་ཁར། ཨོཾ་སུ་དན་ཏཱ་ཡཻ་སཱ་ཧཱ། བྱང་དུ་འཕགས་མའི་ཐུགས་ཁར་ ཨོཾ་ཨཱ་རྱ་ཡཻ་སཱ་ཧཱ། ཤར་ལྷོར་རབ་བཟང་མའི་ཐུགས་ཁར། ཨོཾ་སུ་བྷ་ཏྱ་ཡཻ་སཱ་ཧཱ། ལྷོ་ནུབ་ཏུ་སྤས་མའི་ཐུགས་ཁར། ཨོཾ་གུ་བ་ཏ་ཡཻ་སཱ་ཧཱ། ནུབ་བྱང་དུ་མཛེས་མའི་ཐུགས་ཁར་ ཨོཾ་དེ་བྱཻ་ཡཻ་སཱ་ཧཱ། བྱང་ཤར་དུ་དབྱངས་ཅན་མའི་ཐུགས་ཁར། ཨོཾ་སཱ་ར་སྭ་ཏྱི་སཱ་ཧཱ། ཞེས་ཕྱོགས་མ་ནོར་བར་བྲིའོ། །བྲི་གཞི་གཅིག་ལ་པད་མ་འདབ་བརྒྱད་ཀྱི་ལྟེ་བར་འཛམ་བྷ་ལ་ འདབ་མ་བརྒྱད་ལ་འཁོར་བརྒྱད་དབུ་ཕྱིར་བསྟན། དགུ་ཀ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་བི་ཛ་བུར་དང། གཡོན་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་པ། དར་དང་ རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་གཏེར་གྱི་སྟེང་ན་བཞུགས་པ། སྐུ་ཤར་བ་ཏུ་རྒྱས་པ། གཙོ་བོའི་ཐུགས་ཀར་ཨོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཡ་སཱ་ཧཱ། གཙོ་བོའི་མདུན་ ཤར་ཕྱོགས་སུ་ནོར་བུ་བཟང་པོའི་ཐུགས་ཁར། ཨོཾ་ན་ཎི་བྷ་ཏྲ་ཡ་སཱ་ཧཱ། བྱང་དུ་གང་བ་བཟང་པོའི་ཐུགས་ཁར། ཨོཾ་པུ་རྞ་བྷ་ཏྲ་ཡ་སཱ་ཧཱ། ནུབ་ཏུ་ནོར་སྦྱིན་གྱི་ཐུགས་ཁར། ཨོཾ་དྷ་ནཾ་ད་ ཡ་སཱ་ཧཱ༑ ལྷོར་རྣམ་ཐོས་སྲས་ཀྱི་ཐུགས་ཁར། ཨོཾ་བཻ་ཤྲམ་ཎ་ཡ་སཱ་ཧཱ། བྱང་ཤར་དུ་རོལ་བའི་ཕྲེང་བའི་ཐུགས་ཁར། ཨོཾ་ཀི་ལི་མཱ་ལི་ནེ་སཱ་ཧཱ། ནུབ་བྱང་དུ་འཛམ་བུ་འཁྱིལ་བའི་ཐུགས་ ཀར༑ ཨོཾ་ཙི་བི་ཀུཎ་ཊ་ལི་ནི་སཱ་ཧཱ། ལྷོ་ནུབ་དུ་གདོང་གི་དབང་པོའི་ཐུགས་ཀར། ཨོཾ་མུ་ཁེན་དྲ་ཡ་སཱ་ཧཱ། ཤར་ལྷོར་སྤྱོད་པའི་དབང་པོའི་ཐུགས་ཀར། ཨོཾ་ཙ་རེན་དྲ་ཡ་སཱ་ཧཱ་ [093A]༄༅། །ཞེས་པ་རྣམས་འབྲིའོ། །གཉིས་ཀའི་པད་འདབ་ཀྱི་ཕྱི་རོལ་ཏུ་རེ་ཁ་གསུམ་བསྐོར་བའི་མུ་ཁྱུད་དང་པོ་ལ་རྡོར་རྭ། གཉིས་པ་ལ་བ་ཊ། སྔ་མ་གཡས་བསྐོར་ དང༑ ཕྱི་མ་གཡོན་བསྐོར་དུ་འབྲི། པདྨ་གཉིས་ཀའི་ལྟེ་བ། འདབ་མ། མུ་ཁྱུད། ལྷ། སྔགས་སོགས་འཁོར་ལོ་གཉིས་ཁ་སྦྱར་བའི་ཚེ་ཐད་ཀ་ཐད་ཀར་འགྲིག་པ་ བྱ་དགོས། འདི་རྒྱས་པ་འབྲི་ཚུལ་ཡིན་ལ། འབྲིང་པོ་ལ་པདྨའི་ལྟེ་བ་དང། འདབ་མར་ལྷ་མི་འབྲི་བར་གོང་གི་སྔགས་རྣམས། ཨོཾ་སྟེང་དང་སཱ་ཧཱ་འོག་གི་གཡས་གཡོན་གྱི་ དཀྱིལ་ཐད་དུ་འོང་བ་འབྲི། རྒྱས་འབྲིང་གཉིས་ཀལ་སྤེལ་ཚིག་མ་མ་དྷ་ནཾ་དི་ཧི་དི་ཧི་ཞེས་པའམ། རྟེན་ལ་མཆོད་པ་དང་སྦྱིན་བདག་ལ་ནོར་འབྲུ་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ ཚོགས་པ་ཐམས་ཅད་འཕེལ་བར་མཛད་དུ་གསོལ། ཞེས་པ་སྐབས་སྦྱར་སཱ་ཧཱའི་གོང་དུ་བཅུག་བསྡུས་པ་ལ་པད་མ་གཅིག་གི་ལྟེ་བ་དང་འདབ་མར་བཾ་རེ་དང་གཅིག་ལ་ཛཾ་རེ་འབྲི་ཞིང་ གཞན་རྣམས་སྔ་མ་དང་འདྲ། དེ་ལྟར་ལེགས་པར་བྲིས་པ་དེ་ལོང་ཡོད་ན་སྐར་མ་རྒྱལ་གྱི་ཉིན་པར་ནས་མགོ་བརྩམས་ཏེ་སྒྲུབ་པ་ཞག་བདུན་ལ་སོགས་པ་བྱ་བར་གསུངས་པ་ལྟར་བྱ་ལ། དེ་ཡང་སྟེགས་ བཟང་པོ་གོས་དར་སེར་པོས་གཡོགས་པའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུ་དཀར་གྱིས་བཀང་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་བཀྲམ། དེའི་སྟེང་དུ་ཕོ་འཁོར་གཡས་མོ་འཁོར་གཡོན་དུ་བཤམས་ སྟེང་དུ་བླ་རེ། མཐའ་སྐོར་དུ་ཡོལ་བ་སོགས་གོས་དར་སེར་པོ་བཟང་པོས་བརྒྱན་པ། མཐའ་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་མང་པོས་བསྐོར། དཀར་གཏོར་གཙང་མ་བཤམ། འཁོར་ [093B]སྒྲུབ་པ་པོ་རྣམས་ཁ་ཟས་མ་རུངས་བ་སྤངས་ཏེ་དཀར་གསུམ་ལ་བརྟེན། བསྒྲུབ་པ་པོ་རྣམས་ནོར་རྒྱུན་མའི་དབང་ཐོབ་པ་ཡིན་ན་ནོར་རྒྱུན་མ་དང་ དེ་མིན་ན་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བསྒོམ། འཁོར་ལོ་ལ་སྦྱང་གསུམ་བྱས་ལ་བསང་སྦྱང་ནས་བསྐྱེད་དེ་མཆོད་བསྟོད་བཟླས་པའི་པར་དང་འཇུག་ཆོག་རྣམས་ཉིན་རིར་ཐུན་གསུམ་ བྱ༑ གསུང་མི་འཆག་ཏུ་བྱེད་ན་ཕྱི་མས་མངོན་རྟོགས་བསྐྱེད་ནས་བཟླས་པ་ལ་སླེབ་པ་དང་སྔ་མས་འཇུག་ཆོག་བྱས་ཏེ་སྤྱོད་ལམ་ལ་འཇུག་དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་སོགས་སྒྲུབ་ན་ ཉི་མ་དང་པོ་ལ་སོ་སོར་བསྒྲུབས་ནས། གཉིས་པ་མན་ཆད་འཁོད་ལོ་ཁ་སྦྱར་ཏེ་གཉིས་སུ་མེད་པར་སྒྲུབ་པ་འབའ་ཞིག་བྱ། འཁོར་ལོ་གཉིས་ཁ་སྦྱར་བའི་ཚེ། མར། ཀ་ར། སྦྲང་ རྩི༑ རིན་པོ་ཆེ་སྨན། དྲི་བཟང་དང་སྦྱར་བ་རི་མོ་ལ་མི་གནོད་པར་བྱུགས་ཏེ་ཁ་སྦྱར་ཞིང་དར་སྐུད་སེར་པོས་རྒྱ་གྲམ་དུ་སྲུབ་མེད་པར་དཀྲིས་ཏེ་ཕོ་འཁོར་སྟེང་དང་གཙོ་བོའི་དབུ་རྒྱབ་ཏུ་བསྟན་ཏེ་ སྔར་གྱི་གནས་སུ་བདག་གཉིས་སུ་མེད་པར་སྒྲུབ་པ་ན་གདན་རེ་རེའི་སྟེང་དུ་ཡབ་ཡུམ་ཟུང་རེ་བཞུགས་ཤིང་ཡུམ་གྱི་བརླ་གཡོན་པའི་སྟེང་དུ་ཡབ་རྣམས་བཞུགས་པར་བསམས། བཟླས་པའི་ ཚེ་གཟུངས་ཐག་ནས་བཟུང་ཤིང་དམིགས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་འཁོར་ལོའི་ལྷ་རྣམས་ལ་ཕོག་པས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ བྱང་སེམས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་སེར་པོའི་རྣམ་པར་སྤྱན་དྲངས། འཁོར་ལོའི་ལྷ་རྣམས་ལ་ཐིམ། དེ་དག་གི་ཐུགས་ཁ་ནས་འོད་ཟེར་འཕྲོས། འཇིག་རྟེན་ [094A]༄༅། །དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བཀུག་ནས་རང་གཞན་ཐམས་ཅད་ལ་ཐིམ་པས་ཚེ་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ མཐར་འདོད་གསོལ། འོད་ཞུ་བརྟན་བཞུགས་སོགས་བྱ། དེ་ལྟ་བུའི་ལོང་སྐབས་མེད་ན། འདི་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ནས་བཤད་པའི་ཡབ་ཡུམ་གཉིས་སུ་མེད་པའི་འཁོར་ལོ་ལ་ བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཚུལ་ལ་བརྟེན་པ་ཡིན་པས་འཁོར་ལོ་གཉིས་ལེགས་པར་ཁ་སྦྱར་ཏེ་སྒྲུབ་ཆོག་ལོགས་སུ་བཀོད་པ་ལྟར་སྒྲུབས་པས་ཀྱང་རུང་པར་གསུངས། ཚོགས་བདག་འཁོར་ ལོ་རྩིབས་བརྒྱད་པའི་ལྟེ་བའི་མཐར་མུ་ཁྱུད་གཉིས་དང། རྩིབ་ཀྱི་མཐར་མུ་ཁྱུད་གཉིས་ཀྱིས་བསྐོར་བའི་ལྟེ་བར་ཧཱུཾ་ཧྲི་བཧྲུཾ། ལྟེ་བའི་མུ་ཁྱུད་དང་པོ་ལ་གུག་ན་པ་ཏ་ཡེ་ཏཱ་ན་པ་ཏི་ས་པ་རི་ཝ་ར་ བུཥྚིཾ་ཀུ་རུ་ཨོཾ་གྱི་མཇུག་ཏུ་རྒྱས་པའི་སྤེལ་ཚིག་འདོད་བཅོལ་བྱ། མུ་ཁྱུད་གཉིས་པ་ལ་བཛྲ་ཨ་དུ་ཤ་མ་ཛ་ཏ་ག་ཏ་པེ་ཏ་ཨཱ་ཀྵ་ཡ་དན་བ་སུ་ཨཱ་ཡུཿ་པུ་ཎྚཻ་བུ་ཥྚིཾ་ཀུ་རུ་སཱ་ཧཱ། ག་ག་ག་ག་ག་རྣམས་ མཐར་སྤེལ་ཚིག་རྩིབས་བརྒྱད་ལ་ག་རེ། རྩིབས་ཀྱི་མུ་ཁྱུད་དང་པོ་ལྟ་རྟེན་འབྲེལ་སྙིང་པོ། །གཉིས་པ་ལ་བཀྲ་ཤིས་རྟགས་བརྒྱད་རྣམས་འབྲི། གདན་གྱི་འཁོར་ལོ་ནི། བྲི་གཞི་ གཅིག་ལ་སྣ་ཚོགས་རྡོ་རྗེ་དང། གཅིག་ལ་དབུས་སུ་ནོར་བུ་དགའ་འཁྱིལ་དང། མཐར་བཀྲ་ཤིས་རྟགས་བརྒྱད་འབྲི་བའམ། སྣ་ཚོགས་རྡོ་རྗེའི་མཐར་བཀྲ་ཤིས་རྟགས་བརྒྱད་ཀྱིས་ བསྐོར་བ་འབྲི། གནོད་སྦྱིན་གྱི་གཏེར་རྫས་ནི། གསེར། དངུལ། ཟངས། རག་དཀར་ཡོལ། རྫ་སོགས་ཀྱི་བུམ་པ་རབ་དགུ། འབྲིང་ལྔ། ཐ་མ་ [094B] ས་སྣ། ཆུ་སྣ། རྡོ་སྣ། ཤིང་སྣ། ཇ་སྣ། བྲའོ་དང་བད་ཁ་སོགས་མ་ཡིན་པའི་འབྲས་གྲོ་ནས་སོགས་འབྲུ་སྣ་བཟང་པོ། །ཁ་སུར་པ་ནི་སོགས་རུལ་ པ་དང་རླན་ཅན་མ་ཡིན་པའི་ཤིང་ཐོག་བཟང་པོའི་རིགས། ཤ་ཆང་སྒོག་ཙོང་སོགས་དྲིང་ན་ཞིང་མི་གཙང་པའི་རིགས་མ་ཡིན་པའི་ཀ་ར་བུ་རམ་སོགས་ཁ་ཟས་བཟང་པོའི་ཟས་སྣ། སྦྱོང་སྐྱུག་ བྱེད་པ་དང་དུག་རིགས་སོགས་མ་ཡིན་པའི་འབྲས་བུ་གསུམ་དང་བཟང་དྲུག་སོགས་བཟང་སྨན་གྱི་རིགས། ཙན་དན་དཀར་དམར་ཨ་ཀ་རུ་ག་བུར་ཛ་ཏི་ཁ་ཆེ་གུར་གུམ་སོགས་དྲི་བཟང་གི་རིགས་ བཻ་ཌཱུར་ཡ། པདམ་ར་ག་ཨི་ན་དྲ་ནི་ལ། མར་གད། ཞི་མིག་གསེར། དངུལ། བྱི་རུ། མུ་ཏིག་གྱུ། མུ་མིན་སོགས་རིན་པོ་ཆིའི་རིག་ གོས་དར་བཟང་པོའི་རིགས་རྙེད་ཚད་ཐམས་ཅད་འོག་ནས་རིམ་བཞིན་བླུག་ཅིང། གཙོ་བོར། གསེར། དངུལ། མུ་ཏིག་མུ་མིན། བྱི་རུའམ་དུང་སྟེ་རིན་པོ་ཆེ་ལྔ། ནས་ འབྲས༑ གྲོ། སྲན་མ། ཏིལ་ཏེ་འབྲུ་ལྔ། སྤྲང་རྩི། ཀ་ར། ཞོ། འོ་མ། མར་ཏེ་བདུད་རྩི་ལྔ། སླེ་ཏེས། གནྜ་ཀ་རི། དབང་ལག་རྒྱ་ མཚོའི་སྦུ་བ། ཤུ་དག་སྟེ་སྨན་ལྔ། ཙན་དན་དཀར་དམར། ཛ་ཏི། ག་བུར། ཁ་ཆེ་གུར་གུམ་སྟེ་དྲི་ལྔ། བཅས་རྒྱུད་སྡེ་འོག་མའི་བུམ་རྫས་ཉེར་ལྔ་རྣམས་བླུག་ཏེ་ལེགས་པར་ བགང་ལ་ཁ་དམ་པར་བཅད་དེ་གོས་དར་སེར་པོས་ཁ་བཏུམས་ནས་རྒྱ་ཡིས་བསྡམ། བང་མཛོད་ལ་མཁོ་བའི་རིན་པོ་ཆེའི་སྣོད་སྤྱད་ཀྱི་རིགས་ཟས་དང་འབྲུ་བཟང་པོས་བཀང་བ། ཁྲབ་རྨོག་གྲི་ [095A]༄༅། །སོགས་གོ་མཚོན་གྱི་རིགས། གོས་དར་ཟམ་རས་སོགས་ཀྱི་གོས་དང་གོས་ཀྱི་རྒྱུའི་རིགས་སོགས་མདོར་ན་གདོན་ཅན་དང་གྲིབ་ཅན་སོགས་མ་ཡིན་པའོ་ནོར་རྫས་ཕུན་སུམ་ཚོགས་ པའི་རིགས་གང་འཛོམ་སྟ་གོན་བྱ། གཉིས་པ་འབུལ་ཚུལ་དངོས་ནི། དེ་ལྟར་ཡོ་བྱད་ཐམས་ཅད་འཛོམ་ནས་སྨན་འདམ་ལྟ་བུས་རྟེན་ཆེན་པོའི་རིགས་བཞེངས་ན་རུས་ཤིང་ལ་སྲོག་ཤིང་ བསྡམས་ཏེ། དེ་ལ་གཟུངས་གཞུགས་བསྡམས་ནས་འབུལ་དགོས་པའང་ཡོད་ཅིང། ལུག་མ་དང་བརྡུང་མ་དང་རས་བསེ་སོགས་ལས་བཟོས་པ་ལ་རྟེན་གྱི་ཕྱི་དབྱིབས་གྲུབ་ནས་གཟུངས་ གཞུགས་འབུལ་དགོས་པས་རྟེན་ཕྱི་མའི་རིགས་ལ་རྟེན་གྱི་ནང་གང་བརྡར་ལེགས་པར་བྱས་ཏེ་སྲུབས་དང་བུ་ག་ཕྲ་མོ་ཡོད་ན་ལེགས་པར་བཀག་དྲི་བཟང་ཞིབ་ཏུ་བདར་བའི་ཕྱེ་མ་གར་སླ་ཞོ་ཙམ་ བྱས་པ་རྟེན་གྱི་ནང་དུ་སྲབ་འཐུག་པའི་ཀོ་བ་ཙམ་ཁྱབ་པར་བྱུགས་ཏེ་དྲི་དང་མི་ཡལ་བའི་ཕྱིར་གྲིབ་སྐམ་བྱ། གཟའ་སྐར་ཚེས་གྲངས་བཟང་པོའི་ཉིན་རྟེན་དང། སྲོག་ཤིང། གཟུངས་དྲིལ་ བ༑ དེ་ལས་གཞན་པའི་ཡོ་བྱད་ཐམས་ཅད་ལ་སྦྱང་གསུམ་སྔོན་དུ་འགྲོ་བའི་རབ་གནས་བསྡུས་པ་ཟུར་འདེབས་ལོགས་སུ་བཀོད་པ་ལྟར་བྱ། ལས་བྱེད་རྣམས་ཤར་ཆང་སྒོག་བཙོང་ཐ་མ་ཁི་ སོགས་མ་རུང་བ་ཐམས་ཅད་སྤངས། དཀར་གསུམ་མངར་གསུམ་སོགས་ཁ་ཟས་བཟང་པོས་ཚིམ་པར་བྱས་ན་སྦྱིན་བདག་ལ་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་དུ་ཆེ་བར་གསུངས། གོས་ གསར་པ་གྱོན་ཏེ། ཨོཾ་མནྡྲ་དྷ་ཏུ་ག་རྦྷཱ་ཡ་སཱ་ཧཱ། ཞེས་པའི་སྔགས་དང་བཀྲ་ཤིས་པའི་ཚིགས་བཅད་འདོན་བཞིན་པའི་ངང་ནས་ལས་བྱེད། གསེར་སྐུ་སྐུ་ཚད་ཆེ་བ་ལ་སྐྱེ་མཆེད་བྱིན་རླབས་ [095B] བསྡུ་ན། མིག་གཉིས་སུ་ཀྵིཾ་ཀྵིཾ། རྣ་བ་གཉིས་སུ་ཛིཾ་ཛིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ་ལྟེ་བར་སཾ་ སྤྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ་རྣམས་རྒྱས་བསྡུས་ཅི་རིགས་པ་གནས་སོ་སོར་ནང་ནས་སྦྱོར་ཐུབ་པ་རྣམས་ལ་ལེགས་པར་སྦྱོར། ཡང་ན་དེ་དག་གི་ཤོག་དྲིལ་རང་རང་གི་ ཐད་དུ་གཞུག་སྨན་སྐུ་འམ་རས་བསེ་ལྟ་བུ་ལ་ཚོན་འོག་ཏུ་འབྲི། རྩ་དབུ་མ་རོ་རྐྱང་གསུམ་གྱི་མཚོན་བྱེད་དུ་སྲོག་ཤིང་གི་གཡས་སུ་དུར་ གཡོན་དུ་ཀུ་ཤ་ཉག་མ་རེ་བ་ཅིང། ། སངས་རྒྱས་ཀྱི་འཕེལ་གདུང་སྲོག་ཤིང་གི་རྩེའི་རྣམ་རྒྱལ་མཆོད་རྟེན་ཆེན་ཏོག་གི་ནང་དང་ཆུང་ནས་དེར་འཇུག་མི་བདེ་བ་ལ་བུམ་པའི་ནང་ངམ་ཐད་དུ་གཞུག་དེའི་འོག་ཏུ་རྗེ་བཙུན་ཙོང་ཁ་པ་ལྟ་བུ་བླ་མའི་ སྐུ་བརྙན་དང་ལྟ་གྲུབ་མི་མཐུན་པ་མ་ཡིན་པའི་མཁས་གྲུབ་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པའི་སྐུ་གདུང་གི་རིང་བསྲེལ་དང་སྐུ་བལ་གྱི་རིང་བསྲེལ། མགྲིན་པའི་ཐད་དུ་བླ་མ་དམ་པའི་ཐུགས་དམ་ ཕྱག་འཕྲེང་གི་རིགས། ཐུགས་ཀའི་ཐད་དུ་གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་ཡི་དམ་གྱི་སྐུ་བརྙན་དང། དེའི་འོག་ཏུ་སྟོན་པ་སྨན་བླ་ཚེ་དཔག་མེད་སོགས་སངས་རྒྱས་ཀྱི་སྐུ་བརྙན་ དེའི་འོག་ཏུ་བྱམས་འཇམ་དབྱངས་སྒྲོལ་མ་དཀར་ལྗང་སོགས་སེམས་དཔའ་དང་སེམས་མའི་སྐུ་བརྙན། དེའི་འོག་མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྐྱོང་གི་སྐུ་བརྙན་རྣམས་ན་བཟའ་ཁ་དོག་གང་ འཛོམ་གྱི་ཕྱི་དྲིལ་གོས་དང་སེར་པོས་དྲིལ་ཏེ་རིན་པོ་ཆེའི་ཕྲེང་བ་དང། རིན་པོ་ཆེའི་ཕྱེ་མ་སྨན་དྲི་བཟང་རྣམས་ཀྱི་ཕྱེ་མ་དང་ལྷན་དུ་རིམ་པ་བཞིན་སྲོག་ཤིང་ལ་བཅིང། དེ་དག་གི་བར་སྟོང་གི་སྲུབས་ [096A]༄༅། །བར་དུ་རིན་པོ་ཆེ་དང་སྨན་དང་དྲི་བཟང་གི་ཕྱེ་མའི་ཐུམ་བུ་བཅུག་ཏེ་ཁང་མཉམས་པར་བྱས་ཏེ་བསྡམས་ནས་དར་སེར་པོས་ལེགས་པར་དཀྲིས་ཏེ་སྐུའི་རྒྱབ་ངོས་ལ་གཏད་ ཅིང་གཡས་གཡོན་གྱི་དབུས་དྲངས་པོར་བཅུག་དེ་ནས་གཙུག་ཏོར་དང་བྲེ་སྟོང་ནས་མར་རིམ་པ་བཞིན་དབུ་གཟུངས་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས། གསུང་བདེ་ འཇིགས་གསུམ་གྱི་དབང་བསྐུར་བརྒྱུད་བཤད་པ་མན་ངག་གནང་བ་གསུམ་གྱི་རྒྱུད་པ། ལམ་རིམ་གྱི་རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་རླབས་རྒྱུད། བྱིན་ རླབས་ཉེ་རྒྱུད་རྣམས་ཀྱི་རྒྱུད་པ། སོ་ཐར་བྱང་སེམས་ཀྱི་སྡོམ་པའི་རྒྱུད་པ་སོགས་བླ་མ་རྒྱུད་པ་རྣམས་ཀྱི་མཚན་སྔགས་དང་སངས་རྒྱས་བྱང་སེམས་ཉན་རང་རྣམས་ཀྱི་མཚན་སྔགས། གཙུག་ ཏོར་གདུགས་དཀར། གཙུག་གཏོར་འཁོར་བསྒྱུར་རྣམས་ཀྱི་སྔགས། སྐུའི་མགུལ་དང་བྲེ་རྟེན་གྱི་ནང་དུ་མགྲིན་གཟུངས་དབྱངས་གསལ། སྐུའི་སྟོད་དང་མཆོད་རྟེན་གྱི་བུམ་སྟོད་ལ་སྟོད་ གཟུངས། གསང་འདུས། བདེ་མཆོག་འཇིགས་བྱེད། ཀྱཻ་རྡོར། འཁོར་ཆེན། དུས་འཁོར། མ་ཧ་མ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི་ དགྲ་ནག་གཤེད་དམར་སོགས་བླ་མེད་ཀྱི་གཟུངས་སྔགས། སྐུ་རྐེད་དང་བུམ་རྐེད་ལ་རྐེད་གཟུངས། རྡོར་དབྱིངས། གཙུག་དགུ། ཀུན་རིག་སོགས་རྣལ་འབྱོར་རྒྱུད་ རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད། དམ་ཚིགས་གསུམ་བཀོད། སྨན་བླ། ཚེ་དཔག་མེད། མི་འཁྲུགས་པ་སོགས་བྱ་རྒྱུད་རྣམས་ཀྱི་སྔགས། ལྟེ་འོག་དང་བུམ་སྨད་ [096B] ཡངས་བའི་གྲོང་ཁྱེར་དུ་འཇུག་པའི་གཟུངས་དང། སྟོང་ཕྲག་བརྒྱ་བ་གཟུང་བར་འགྱུར་བའི་གཟུངས་སོགས་མདོ་གཟུངས་དང། སངས་རྒྱས་ རབ་བདུན་གྱི་གསོ་སྦྱོང་རྣམས་ཀ་ཐོ་ཁ་བྱང་གི་རིམ་པ་ལྟར་གཟུང། ཕྱག་ལ་གཟུངས་འཇུག་ན་བླ་མེད་ཀྱི་གཟུངས་དཔུང་མགོ་ནས་མཐེ་བོང་གི་བར་ལ་ཡིག་མགོ་དཔུང་པ་དང། ལག་ངར་གྱི་སྟེང་ངོས་ ལ་བསྟན་དེ་སོར་མོག་ཤིབ་པ་ལྟར་བསྒྲིགས་ནས་འཇོག་སྐུའི་དཀྱིལ་ཀྲུངས་དང། མཆོད་རྟེན་གྱི་བར་རིམ་ལ་གླེགས་བམ་འཇུག་ན། བླ་མེད་སོགས་རྒྱུད་སྡེ་བཞི། ཤེར་ཕྱོགས་ མདོ་མང། འདུལ་བ་ལུང་སྒོས་སྔགས་ཕྱོགས་དང་མདོ་ཕྱོགས་ཀྱི་བཀའ་རྣམས་ཀྱི་དབུ་ཤོག་ཡར་ལོག་ཤོག་ཀུའི་བར་བར་དུ་དྲི་བཟང་གི་ཕྱེ་མ་བཏབ་ཏེ་ན་བཟའ་ཕྱི་དྲིལ་སེར་པོས་ གཡོགས་ཏེ་གོང་འོག་གོ་རིམ་མ་ལོག་པར་གཞུག་དེ་འོག་རྒྱུད་འགྲེལ་སྒྲུབ་ཐབས་མདོ་འགྲེལ་སོགས་རྒྱུད་སྡེ་དང་སྡེ་སྣོད་ཀྱི་གོ་རིམ་ལྟར་གཞུག་དེ་དག་གི་བར་སྟོང་རྣམས་སུ་རིན་པོ་ཆེ་ དང་སྨན་དང་དྲི་བཟང་གི་ཐུམ་བུ་རྣམས་ཀྱིས་ཁེངས་པར་བཀང་ཞིང་ཚགས་ཤིན་ཏུ་དམ་པར་བྱ། །སྟོད་གཟུངས། རྐེད་གཟུངས། །འདེ་ དགོས་པ་བཅུག་པའི་བར་བར་དུ་འཚམས་དར་ལེགས་པར་བཏང། རྟེན་དངོས་གཞིའི་ནང་དུ་གཟུབས་གཞུག་ཁེངས་པ་ན་ཞབས་དར་བཏང་ཞིང་ཞབས་བཀགས་ཀྱིས་ལེགས་པར་བཀག་པད་ མའི་ནང་དུ་དབུས་སུ་བཀྲ་ཤིས། དེའི་མཐར་ཆོས་སྐྱོང། ནོར་ལྷ། དཔལ་མགོན་རྒྱལ་ཆེན་སོགས་ཀྱི་སྔགས་རྣམས་གཞུག་གཟུབས་འཁྲུགས་སེལ་བར་གྲགས་པའི་རིག་པ་ [097A]༄༅། །ཕུ་རོན་ནམ་ཉེས་པ་ཀུན་སེལ་གྱི་གཟུངས་རྣམས་སྟོད་སྨད་ཐམས་ཅད་དུ་གཞུག་རུང་བར་བཤད་ཅིང་སྐབས་ཐོབ་ཀྱི་སྤེལ་ཚིག་གཟུངས་སོ་སོའི་མཇུག་ཏུ་སྦྱར། བར་སྟོང་རྣམས་ སྔར་བཞིན་འགེང། སེང་ཁྲིའི་ནང་དུ་འོག་ཏུ་བང་མཛོད་ཀྱི་རྫས་གོ་མཚོན་གོས་དང་ཇ་བཟའ་བཅའ་སྣོད་སྤྱད་རིན་པོ་ཆེ་སོགས་ལེགས་པར་བསྒྲིགས་ཏེ་སྲུ་བས་སྟོང་མེད་པར་ཚིགས་ བྱས་པའི་སྟེང་དུ་གནོད་སྦྱིན་འཁོར་ལོ་བུམ་གཏེར་དང་བཅས་པ་འཇོག་པ་ཡིན་ཞིང། དེ་ཡང་འོག་ཏུ་གདན་གྱི་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་དང། སྣ་ཚོགས་རྡོ་རྗེའི་འཁོར་ལོ། ། དེ་སྟེད་ཚོགས་བདག་འཁོར་ལོ་རྣམས་ཁ་ཡར་བསྟན། དེ་སྟེང་གནོད་སྦྱིན་འཁོར་ལོ་ཕོ་འཁོར་སྟེང་དང། མོ་འཁོར་འོག་ཏུ་བྱས་ཏེ་ཁ་སྦྱར་བ་རྣམས་ཀྱི་དབུས་ཀྱི་ལྷ་དང། ཡིག་མགོ་ རྟེན་གྱི་རྒྱབ་ངོས་སུ་འོང་བ་བྱས་ནས་དར་སེར་བོས་དྲིལ་ཏེ་བཞག་དེ་སྟེང་བུམ་པ་དགུ་ཡོད་ན་དབུས་དང་ཕྱོགས་འཚམས་སུ་ལེགས་པར་བཞག་བར་སྟོང་རྣམས་རིན་པོ་ཆེ་དང་སྨན་དང་ དྲི་བཟང་སོགས་ཀྱི་ཐུམ་བུ་དམ་དུ་གཅེར་ཏེ་ལེགས་པར་བཀང་ལ་ཁ་ལེགས་པར་བཀབ། དེ་ལྟར་གཟུངས་ཕུལ་གྲུབ་ནས་འཕྲལ་དུ་རབ་གནས་བསྡུས་པའམ་མ་གྲུབ་ན་ཤིས་བརྗོད་རྒྱས་པར་བྱ་ འདི་ཡན་ཆད་རྒྱལ་དབང་མཆོག་གིས་མཛད་པའི་གཟུངས་འབུལ་འཁྲུལ་སྤོང་ཉིན་བྱེད་དང་དེའི་ཕྱག་ལེན་མཐོང་བརྒྱུད་ལྟར་བཀོད་པ་ཡིན།། ༄༅ །པཎ་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ གཟུངས་འབུལ་ནོར་བུའི་མེ་ལོང་ལྟར་ན་སྲོག་ཤིང་རྒྱུ་ཙན་དན་དཀར་དམར་ཤུག་པ་སོགས། དབྱིབས་གྲུ་བཞི་འམ་ཟླུམ་པོ། །རིང་ཐུང་རྟེན་དང་འཚམས་པ་རྩ་རྩེ་མ་ལོག་པ་ལ་སྲོག་ཤིང་ [097B] ནང་གཞུག་གི་གཙོ་བོ་ནི་རིང་བསྲེལ་དུ་གྲགས་པ་བཞིའི་ནང་ནས་ཆོས་སྐུའི་རིང་བསྲེལ་གཟུངས་ཆེན་སྡེ་ལྔས་མཚོན་པའི་མདོ་རྒྱུད་ཁུངས་མ་ནས་ འབྱུང་བའི་གཟུངས་བྱིན་རླབས་ཅན་མཐའ་དག་ཡིན། གཟུངས་རྣམས་དྲི་བཟང་གིས་བྱུགས་ཏེ་འཇུག་ནས་དམ་པར་དྲིལ། འཇུག་ལུགས་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་འབྲུ་ གསུམ་དང་སྤེལ་བ་གང་མང་དང་རིང་བསྲེལ་རྣམས་དྲི་བཟང་དང་ན་བཟའ་བཟང་པོས་བཏུམས་ནས་དབུའི་ནང་སོགས་མཐོས། རིག་པ་ཆེན་མོའི་གཟུངས་ཀྱང་དབུ་དང་བྲེའི་ནང། རྟེན་འབྲེལ་ སྙིང་པོ་དང་ཉེས་པ་ཀུན་སེལ་སྟོད་སྨད་ཐམས་ཅད་དུ། གཟུངས་ཆེན་གཞན་བཞི་གཙོ་བོར་ཐུགས་ཀ་གཟུངས་གཞན་དང་གསུང་རབ་རྣམས་རྒྱུད་སྡེ་དང་ཐེག་པའི་རིམ་པ་དང་མཐུན་པར་ མ་འཁྲུགས་པར་གཞུག་པདྨའི་ནང་དུ་ཆོས་སྐྱོང་ནོར་ལྷའི་གཟུངས་རྣམས་གཞུག་བླ་མ་སངས་རྒྱས་བྱང་སེམས་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་ཡང་རྟེན་དང་ཞལ་ལྟ་ཕྱོགས་མཐུན་ པར་སྔར་གྱི་རིམ་པ་ཇི་ལྟ་བར་གཞུག་སྣམ་བུའི་ན་བཟའ་སྲོག་ཆགས་འཇུག་ཉེན་ཆེ་བས་ཆེར་མི་འཇུག་ཅིང་ཅུང་ཟད་འཇུག་ན་གཟུངས་དང་སྐུ་འདྲའི་ཚས་སུ་ཕན་ཚུན་མི་འཁྲོལ་བའི་ཕྱིར་སྟེང་འོག་ ཐམས་ཅད་དུ་གཞུག་ཞབས་ཆགས་ཀྱི་རིགས་གལ་ཏེ་འཇུག་ཚེ་དམའ་བར་གཞུག་མཆོད་པའི་ཕྱིར་རིན་པོ་ཆེའི་རིགས་ཧ་ཅང་ཆེ་བ་མིན་པ་དུ་མ་དང་དྲི་བཟང་སིལ་མ་སྣ་ཚོགས་ཀྱང་དབུ་ཞབས་ ཐམས་ཅད་དུ་གཞུག་ཐ་མལ་པའི་སྐྲ་སེན་བཅུག་ན་གང་ཟག་དེ་ལ་གནོད་པར་འདུལ་བ་ལུང་ལས་གསུངས་པས་མི་གཞུག་གནོད་སྦྱིན་འཁོར་ལོ་འབྲི་ཚུལ་ནི། རྟེན་དང་འཚམས་པའི་ [098A]༄༅། །བྲི་གཞི་གསེར་དངུལ་ཟངས་གོས་དར་ཤོག་གུ་སོགས་བཟང་པོ་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་ལ་ཟླ་གདན་རེ། དེའི་སྟེང་དུ་གཅིག་ལ་དབུས་སུ་ཛམ་བྷ་ལའི་ཐུགས་ ཀར་ཛམ། དེའི་མཐར་མདུན་ནས་གཡས་སྐོར་དུ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སཱ་ཧཱ། ཤར་གྱི་འདབ་མར་ནོར་བུ་བཟང་པོའི་ཐུགས་ཀར་མཾ། ལྷོར་གང་བ་བཟང་པོའི་ཐུགས་ཀར་ སཱུཾ། ནུབ་ཏུ་ནོར་སྦྱིན་མའི་ཐུགས་ཀར་དྷཾ། བྱང་དུ་རྣམ་སྲས་ཀྱི་ཐུགས་ཀར་པོ། མེར་གི་ལི་མ་ལིའི་ཐགས་ཀར་ཀོ་བདེན་བྲལ་དུ་པི་ཙི་ཀུནྡྲ་ལིའི་ཐུགས་གར་བིཾ། རླུང་དུ་ སྒོའི་དབང་པོའི་ཐུགས་ཀར་མུཾ། དབང་ལྡན་དུ་སྤྱོད་པའི་དབང་པོའི་ཐུགས་ཀར་ཙཾ། གཅིག་ལ་དབུས་སུ་ནོར་རྒྱུན་མའི་ཐུགས་ཀར་བཾ། ཤར་དུ་ཟླ་མཛོས་མའི་ཐུགས་ཀར་ཙཾ། བྱང་དུ་ སྦྱིན་མའི་ཐུགས་ཀར་དཾ། ནུབ་ཏུ་རབ་སྦྱིན་མའི་ཐུགས་ཀར་སུཾ། ལྷོར་འཕགས་མའི་ཐུགས་ཀར་ཨཾ། དབང་ལྡན་དུ་རབ་བཟང་མའི་ཐུགས་ཀར་སུཾ། རླུང་དུ་སྦས་མའི་ཐུགས་ཀར་གུཾ་ བདེན་བྲལ་དུ་ལྷ་མོའི་ཐུགས་ཀར་དེ། མེར་དབྱངས་ཅན་མའི་ཐུགས་ཀར་སྭཾ། ཕྱི་མ་རྣམས་ལའང་རང་རང་གི་ས་བོན་གྱི་མཐར་མདུན་ནས་གཡས་སྐོར་དུ་རང་རང་གི་སྔགས་ཤོང་ན་སཱ་ཧཱ་འི་གོང་དུ་ སྤེལ་ཚིག་སྦྱར་ནས་མནོར་བར་དག་པར་འབྲི། ལྷ་ཐམས་ཅད་ཕོ་མོའི་དབྱེ་བ་ཅུང་ཟད་མ་གཏོགས་གསེར་མདོག་ཡབ་རྣམས་སྐུ་ཤ་དང་ལྟོ་པ་རྒྱས་བ། གཡས་མཆོག་སྦྱིན་གྱིས་བི་ཛ་པཱུ་ར་ དང། གཡོན་ནེའུ་ལེ་འཛིན་པ། ཡུམ་རྣམས་ནུ་འབུར་རྒྱས་ཤིང་གམས་མཆོག་སྦྱིན་དང། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། ཡབ་ཡུམ་ཐམས་ཅད་ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ [098B] གཏེར་བུམ་ལ་སེམས་དཔའི་དཀྱིལ་ཀྲུང་གིས་བཞུགས་པ། འཁོར་རྣམས་དང་སྔགས་ཀྱི་དབུ་ཕྱིར་བསྟན་པ། པད་འདབ་ཀྱི་ཕྱི་ལ་མུ་ཁྱུད་བྱེད་པར་མ་བཤད་པས་མེད་ཀྱང་རུང་ ལ་དམ་པ་སྔ་མ་འགའ་ཞིག་གིས་མཛད་པ་ལྟར་ན་བྱས་ཀྱང་འགལ་བ་མེད་པས་བྱེད་ཚེ་མུ་ཁྱུད་གསུམ་གྱི་དང་པོར་རྟེན་འབྲེལ་སྙིང་པོ། །གཉིས་པར་དབྱངས་གསལ་སྤེལ་ཚིགས་དང་བཅས་པ་མདུན་ ནས་གཡས་སྐོར་དུ་འབྲི། གསུམ་བར་རྡོ་རྗེའི་ར་བ་པ་ཏྲས་བསྐོར་བ་བྱ། འགྲེལ་བར་སྐར་མ་རྒྱལ་ལ་བྲིས་ནས་དེ་ཉིད་ཀྱི་ཉིན་པར་རབ་གནས་བྱ་བར་གསུངས་པ་ལྟར་བྱ་ཞིང་དེའི་ཚུལ་ནི་ བདག་ཉིད་གསང་བདེ་སོགས་ལྷའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་གཉིས་གསང་སྦྱར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་རང་གས་བོན་ལས་ཡབ་རྣམས་བྲིས་པའི་སྐབས་ཇི་ལྟ་བ་བཞིན་ བསྐྱེད་པའི་བརླ་གཡོན་པའི་སྟེང་དུ་ཡུམ་རྣམས་བཞུགས་པའི་ཕྱག་གཡས་པས་ཡབ་ལ་འཁྱུད་པ། ཡུམ་རྣམས་ཀྱི་གདན་པད་ཟླའི་སྟེང་དུ་གནམ་རྒྱན་སེགས་མཆོད་སྤྲིན་དུ་བསྐྱེད། གནས་ གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་གཞུག་དབུ་ལ་རིན་འབྱུང་གི་རྒྱས་གདབ། མཆོད་པ་བྱ་སྤྱོད་བཞིན་བྱིན་གྱིས་བརླབ། མཆོད་བསྟོད་བཟླས་པ་བྱ། བཟླས་པའི་ཚེ་ རྡོ་རྗེ་གཟུངས་ཐག་བཟུང་ལ། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱི་སྐུ་ལས་འོད་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཅི་འདོད་པའི་རྣམ་པར་བཀུག་སྟེ་སྦྱིན་བདག་ གམ་བདག་ཉིད་གང་དུ་གནས་པའི་ཕྱི་ནང་གི་ཡུལ་ཕྱོགས་གཞི་ཐམས་ཅད་གང་བར་བསམས་ནས་གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་རེ་དང་འཁོར་གྱི་སྔགས་ཉེར་གཅིག་རེ་ཉུང་མཐར་བྱས་པ་བཟླ། མཇུག་ [099A]༄༅། །ཏུ་མཆོད་བསྟོད། བཟོད་གསོལ། དགྱེས་བཞིན་དུ་བྲིས་པའི་འཁོར་ལོའི་རྣམ་པར་གྱུར་པའི་འོད་བཞུ་བསྟན་བཞུགས། བཀྲ་ཤིས་རྣམས་བྱས་ཏེ་ཕོ་འཁོར་ འོག་མོ་འཁོར་སྟེང་དུ་བྱས་ལ་བར་དུ་འབྲུ་དང་རིན་པོ་ཆེའི་ཕྱི་མ་ཅུང་ཟད་བཅས་པའི་ཀར་དང་སྦྲང་རྩིས་བྱུགས་ཏེ་སྦྱར་ནས་དར་དམར་སེར་ཅི་རིགས་པའི་ན་བཟས་ཀླུབས། གཙོ་བོའི་དབུ་རྟེན་གྱི་ རྒྱབ་ཏུ་བསྟན་ཏེ་རིན་པོ་ཆེ་དང་འབྲུ་སྣ་དང་དར་ཚོན་དང་དྲི་བཟང་མང་པོའི་དབུས་སུ་བཞག་འཚམས་དར་དམར་སེར་གང་རུང་གིས་བྱས་ལ་ཞབས་བསྡམས་པར་བྱ། དེ་ལྟར་འཁོར་ལོ་ སྔ་མ་ནོང་རྒྱུན་མ་གཙོ་བོར་བྱས་པ་དང་ཕྱི་མ་འཛམ་བྷ་ལ་གཙོ་བོར་བྱས་པ་ཡིན་ལ་ལུགས་སྔ་མ་ལས་ན་བཟའ་དང་འཚམས་དར་སེར་པོ་བཤད་པ་རྒྱས་པའི་ལས་གཙོ་ཆེ་བ་དང། ཕྱི་མ་ལས་དམར་ སེར་གཉིས་ཀ་བཤད་པ་ཚེ་བསོད་དཔལ་འབྱོར་སོགས་རྒྱས་པའི་ལས་དང་དེ་དག་འགུག་པའི་དབང་གི་ལས་གཉིས་ཀ་སྒྲུབ་པ་ལ་དགོངས་པ་ཡིན་པས་གཉིས་པོ་གང་བྱས་ཀྱང་མི་རུང་བ་མེད་ལ། ལུགས་ གཉིས་གང་བྱེད་ཀྱང་ལུགས་དེར་དམིགས་གསལ་ཡོད་པ་རྣམས་དེ་བཞིན་དུ་བྱ་བ་དང། དམིགས་གསལ་མེད་པ་ལུགས་གཅིག་ཤོས་ནས་ཁ་འགེགས་དགོས་པ་རྣམས་ཁ་བསྐང་སྟེ་དམ་པའི་ཕྱག་ སྲོལ་དང་མཐུན་པར་བྱ་ཡི། བཤད་ཁུངས་དང་མཐོང་བརྒྱུད་གང་ཡང་མེད་པའི་རྟོགས་བཟོས་རང་གཞན་གྱི་མགོ་བསྐོར་བར་མི་བྱའོ། །རྒྱལ་བས་སྐྱེས་དགུའི་བསོད་ནམས་ཞིང་མཆོག་ཏུ། ། ལན་ཅིག་མིན་པར་བསྔགས་པའི་སྐུ་བརྙན་དང། །མཆོད་རྟེན་རྣམས་ལ་གཟུངས་གཞུག་འབུལ་བའི་ཚུལ། །བོད་ཀྱི་དམ་པ་མང་པོས་སྣ་ཚོགས་མཛད། །ཁྱད་པར་ཡབ་སྲས་གཉིས་ཀྱི་ [099B] །རབ་གསལ་ཉི་ཟླ་ལྟ་བུ་ཡོད་བཞིན་དུ། །བརྗོད་བྱའི་འོད་ཀྱིས་སྟོང་པའི་བརྗོད་བྱད་ནི། །མེ་ཁྱེར་ལྟ་བུའི་རྩོམ་པས་ཅི་ཞིག་བྱ། །འོན་ཀྱང་ཧ་ཅང་རྒྱས་དང་ བསྡུས་པ་ཡིས། །བྱིས་བློས་དོན་གྱི་སྙིང་པོ་མཐོང་དཀའ་བ། །འདི་ན་ཡོད་ཅེས་ཕྱོགས་ཙམ་མཚོན་པ་ཡི། །སོར་མོའི་བརྡའ་སྟོན་ལྟ་བུ་འདི་བྱས་སོ།། །།ཅེས་རྟེན་ ལ་གཟུངས་གཞུག་འབུལ་ཚུལ་ཤེལ་དཀར་མེ་ལོང་ཞེས་བྱ་བ་འདི་ནི། བཅོམ་ལྡན་འདས་ཀྱི་མདོ་རྒྱུད་དང་འཕགས་ཡུལ་གྱི་པཎ་གྲུབ་ཀྱི་གཞུང་ལས་རྟེན་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་ དང་གཟུངས་སྔགས་འགའ་ཞིག་གཞུག་པར་བཤད་པ་ལས་གཟུངས་གཞུག་འབུལ་ཚུལ་རྒྱས་པར་བཤད་པ་མ་མཐོང་ཀྱང་བོད་ཀྱི་བླ་མ་མང་པོས་མཛད་པའི་ཡིག་ཆ་སྣ་ཚོགས་འདུག་ཅིང། ཁྱད་པར་ པཎ་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གཟུངས་འབུལ་ནོར་བུའི་འཕྲེང་བ་དང། རྒྱལ་དབང་མཆོག་གིས་མཛད་པའི་གཟུངས་འབུལ་འཁྲུལ་སྤོང་ཉིན་བྱེད་གཉིས་ལེགས་པར་བཤད་པའི་མཆོག་ཏུ་སྣང་ནའང་ སྔ་མ་ཧ་ཅང་བསྡུས་གྲགས་པ་དང། ཕྱི་མ་རྒྱས་དྲགས་པས་བློ་དམན་དག་གིས་གོ་དཀའ་བར་འདུག་པས། གོ་བདེ་ལ་རྒྱས་བསྡུས་འཚན་པ་ཞིག་གྱིས་ཞེས་དོན་གཉེར་ཅན་འགའ་ཞིག་གིས་ བསྐུལ་བ་ལྟར། མཁས་དང་གྲུབ་པའི་དབང་ཕྱུག་རྗེ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་ལེགས་བཤད་དང། གཞན་ཡང་ཡིག་ཆ་དུ་མ་དང། རང་གི་ཕྱག་ལེན་མཐོང་རྒྱུད་རྣམས་ ཀྱིས་བརྒྱན་ཏེ་ཡབ་སྲས་ཀྱི་ལེགས་བཤད་གཉིས་གྱི་ཟུར་བརྒྱན་དང་ཞབས་ཏོགས་སུ་དམིགས་ཏེ། ཡུལ་བྱང་ཕྱོགས་ཀྱི་མཐར་སྐྱེས་པའི་བཅོལ་ཆུང་གྱི་ན་བ་ངག་དབང་བློ་བཟང་ཆོས་ལྡན་གྱིས་ [100A]༄༅། །འཇམ་དབྱངས་གོང་མའི་རྒྱལ་ཁབ་ཀྱི་བོད་ཆོས་ལྷ་ཁང་དུ་གྲགས་པར་སྦྱར་བའི་ཡི་གེ་པ་ནི་སྨོན་ལམ་རིན་ཆེན་ནོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། ༄༅ །